• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྨན་སྦྱོར་གྱི་ཁྱད་ཆོས།

༡ དེ་ལ་རྫོང་སར་བོད་སྨན་ཁང་གི་སྨན་སྦྱར་བཟོ་བྱེད་སྟངས་ནི།  སྨན་སྦྱོར་བཟོ་བྱེད་མཁན་གོང་གསལ་བློ་གྲོས་ཕུན་ཚོགས་སོགས་སྨན་སྦྱར་བཟོའི་ལག་ལེན་ཚད་ཐུབ་ཤེས་ཤིང་སྨན་སྦྱོར་གྱི་མན་ངག་གིས་ཕྱུག་པས་གཙོ་ཆེར་གནའ་སྲོལ་ཅི་བཞིན་བྱེད་ཅི་ཐུབ་བྱེད་བཞིན་ཡོད།  དེའི་དགོས་པ་ནི།  དེང་སྐབས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་སྦྱོར་བྱེད་སྟངས་ནུབ་ལུགས་སྨན་སྦྱོར་བྱེད་སྟངས་ཀྱིས་རྒྱས་འགེབས་ནས་འཕྲུལ་འཁོར་ཁོ་ནས་བཟོ་བཞིན་པ་འདི་དེང་རབས་ཀྱི་ཚན་རྩལ་ཡར་རྒྱས་ཤིན་ཏུ་ལེགས་ཆ་ཡོད་པ་སྨོས་མེད་ཡིན་ཀྱང་།  དཔེར་ན་ནས་འཐག་པའི་རྩམ་པ་རྡོ་ལས་བཟོས་པའི་ལག་སྐོར་དང་ཆུ་འཐག་གཉིས་འཐག་བྱེད་རྡོ་ཡིན་པར་ཁྱད་མེད་ཀྱང་།  འཁོར་ཤུག་མྱུར་དལ་གྱི་ཁྱད་སོགས་ཀྱིས་བྲོ་བ་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད་ཆུ་འཐག་རྩམ་པ་འཇུ་བ་དཀའ།  དཔེ་དེ་བཞིན་དུ་གནའ་སྲོལ་ལྟར་སྨན་གྱི་བཟོ་རྩལ་ཐུན་མིན་འདི་རྣམས་ལའང་དགེ་མཚན་མང་དུ་ཡོད་ལ།  ཕྱིན་ཆད་འདིའི་ཤེས་རྩལ་རྒྱུན་མི་ཉམས་པ་སྲུང་སྐྱོབ་ཆེད་དུ་ཡིན།  དེ་འདྲ་གནའ་སྲོལ་ཆེད་གཉེར་རྒྱུད་་འཛིན་པ་མེད་ན།  མ་འོངས་པར་ལོ་བརྒྱའམ་ལྔ་བཅུ་ཙམ་ན་ཕྱི་མིག་བལྟས་ན།  ཐུན་མིན་གྱི་ལག་ལེན་འདི་རྣམས་དཔེ་ཙམ་ལས་ལག་ལེན་དངོས་ཀྱི་རྒྱུན་ཆད་ན་ཧ་ཅང་སེམས་ཕམ་དགོས་པའི་གནས་སུ་འགྱུར་ཉེན་ཡོད།  


༢ སྨན་ཁང་འདིས་སྨན་བསྡུ་སྦྱོར་བྱས་པའི་སྨན་ཕལ་ཆེར་སྨན་ཁང་གཞན་གྱི་སྨན་དང་སྨན་མིང་མཚུངས་ནའང་སྨན་སྦྱོར་དངོས་ལ་མན་ངག་གིས་ཁྱད་པར་ཡོད།  


༣ རྫོང་སར་བོད་སྨན་ཁང་གི་སྨན་མང་ཆེ་བ་ས་མཐོར་སྐྱེས་པའི་རང་བྱུང་སྨན་རྫས་ཡིན་པས་རྫས་འགྱུར་སོགས་ཀྱི་ཆེད་འདེབས་བྱས་པ་ལས་ཕན་ནུས་ཆེ།  


༤ རྫོང་སར་བོད་སྨན་ཁང་གི་སྨན་སྦྱོར་བཟོ་བྱེད་ས་ཆ་ཆེད་བཟོས་འཕྲུལ་འཁོར་གྱི་སྨན་མཛོད་ཁང་ལྟ་བུ་མིན་པར་བོད་རང་གི་ས་ཆ་ཡིན་པས་དྲོ་གྲང་དང་མཁའ་རླུང་དྭངས་ཚད་རང་བྱུང་ལྷུན་འགྲུབ་ཏུ་ཡོད་པས་ཡུལ་གཞན་དུ་བཟོས་པ་ལས་སྨན་ནུས་ཁྱད་དུ་འཕགས་པ་ཡོད།  


༥  བོད་སྨན་གནའ་སྲོལ་བཞིན་སྨན་ཁང་འདིས་སྨན་རྣམས་སྨན་སྒྲུབ་ཚད་ལྡན་བྱེད།  

དེ་ལྟར་རྒྱུ་མཚན་དེ་དག་ལ་བརྟེན་ནས་དེང་སྐབས་རྫོང་སར་བོད་སྨན་ཁང་གི་སྨན་སྦྱོར་བྱས་པའི་སྨན་ལ་ཕན་ནུས་ཁྱད་འཕགས་ཡོད་པའི་གདེང་འཇོག་རྒྱལ་ཕྱི་ནང་རྒྱུས་ཤེས་ཡོད་པ་ཕལ་མོ་ཆེས་གནང་བཞིན་པ་ཡིན།  










རྒྱུན་སྤྱོད་སྨན་སྦྱོར་ཕན་ནུས་དང་ཐུན་ཚད་།