• 轮换广告01
  • 轮换广告01
  • 轮换广告03
  • 广告图片xxx

སྨན་ཁང་སྤྱིའི་ངོ་སྤྲོད།

ཕྱག་འདེབས་མཁན་ངོ་སྤྲོད།

བོད་སྨན་སྤྱིའི་ལོ་རྒྱུས་།

བོད་སྨན་བརྒྱུད་པའི་ཁུངས།

༡ དགོན་འདིར་གནའ་ནས་སྨན་བརྒྱུད་བར་མ་ཆད་པ་ཡོད་ནའང་།  ཁྱད་པར་དགོན་འདིའི་སྨན་པ་གྲགས་ཅན་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་སློབ་བརྒྱུད་བགྲང་པ་ཡིན།   འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་བོད་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་གཙུག་ནོར་བརྒྱ་དང་ལྔ་ཅུ་ལྷག་བསྟེན་ནས་བཅུ་ཕྲག་རིག་པའི་གནས་ཀུན་ལ་ཤིན་ཏུ་བྱང་ཆུབ་པ།  བོད་ན་གྲུབ་མཐའ་རིས་མེད་ཀྱི་ལུགས་སྲོལ་འཛིན་པའི་ཤིང་རྟ་ཆེན་པོ།  རྗེ་དེ་ཉིད་ལ་ཡོངས་གྲགས་སུ་ལྗགས་རྩོམ་དང་རྩོམ་སྒྲིག་གཙོ་འགན་བཞེས་ཏེ་བརྩམས་ཆོས་པོ་ཏི་བརྒྱ་ཕྲག་བརྒལ་བ་ཡོད་ལ།   ཁྱད་པར་བོད་ཀྱི་སྨན་རྒྱལ་གཡུ་ཐོག་པ་གསར་རྙིང་།  བྱང་ཟུར་སོགས་ནས་རིམ་པར་བརྒྱུད་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ཕྱག་ལེན་དང་བཅས་པ་ལའང་ཤིན་ཏུ་མཁས།  རྗེ་དེ་ཉིད་ཀྱིས་གསོ་རིག་སྐོར་ཟིན་བྲིས་པོད་གཅིག་ཡོད།  དེའི་དངོས་སློབ་འཇུ་མི་ཕམ་སོགས་ཀྱིས་ཁྱབ་བདག་སྨན་པའི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་བསྔགས་བརྗོད་ཡང་ཡང་གནང་།  


༢ དེའི་སློབ་མ་འཇམ་མགོན་བློ་གྲོས་མཐའ་ཡས་དང་འཇུ་མི་ཕམ་སྡེ་དགེའི་བླ་སྨན་པ་རིན་ཆེན་འོད་ཟེར་རྫོང་སར་ཤུག་ཆུ་ཀུན་དགའ་རྒྱལ་མཚན་སོགས་ཡིན།  འཇམ་མགོན་བློ་གྲོས་མཐའ་ཡས་དང་འཇུ་མི་ཕམ་རྣམ་གཉིས་ནི་ཡོངས་གྲགས་ཀྱི་མཁས་གྲུབ་ཡིན་ཞིང་།   ལྗགས་རྩོམ་སྤྱི་དང་ཁྱད་པར་གསོ་རིག་སྐོར་ལ་མང་།  ཤུག་ཆུ་ཀུན་དགའ་རྒྱལ་མཚན་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བླ་སྨན་ཡིན།  


༣ ཤུག་ཆུ་ཀུན་དགའ་རྒྱལ་མཚན་དང་།  འཇུ་མི་ཕམ་གྱི་དངོས་སློབ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་བླ་སྨན་རྫོང་སར་གནས་ར་བླ་མ་ཀུན་དགའ་སེང་གེ་ཡིན།  དེས་སྨན་གྲྭ་བཙུགས་པས་ཞལ་སློབ་མང་།  


༤ གནས་ར་བླ་མ་ཀུན་དགའ་སེང་གེའི་སློབ་མ་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་བླ་སྨན་འཚོ་བྱེད་ཚེ་རིང་ཕུན་ཚོགས་ཡིན།  ཚེ་རིང་ཕུན་ཚོགས་ནི་འཇམ་མགོན་བློ་གྲོས་མཐའ་ཡས་དང་།  འཇུ་མི་ཕམ་གཉིས་ཀའི་དངོས་སློབ་ཀེ་སྲིབ་ཨ་ཚང་སོགས་ཀྱི་ཞལ་སློབ་ཀྱང་ཡིན།  


༥ ཚེ་རིང་ཕུན་ཚོགས་ཀྱི་སློབ་མ་སྐུ་ཞབས་བློ་གྲོས་ཕུན་ཚོགས་ཡིན།  ཁོང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེས་མོའི་སློབ་སྤྱི་དང་དགེ་རྒན་ཆེན་མོ་མཁན་ཆེན་རིན་པོ་ཆེ་ཁྲོ་རུ་ཚེ་རྣམ་མཆོག་གི་ཞལ་སློབ་ཀྱང་ཡིན་ཏེ།  ཚེ་རྣམ་རང་གིས་མཛད་པའི་རྒྱུད་བཞིའི་འགྲེལ་ཆེན་༢༠༠༡ལོར་ཟི་ཁྲོན་མི་རིགས་པར་བསྐྲུན་ཁང་ནས་དཔར་བ་ལས་ཞལ་སློབ་རྐང་འཛིན་སྨན་པ་རྫོང་གསར་བློ་གྲོས་ཕུན་ཚོགས་ཅེས་ཡང་ཡང་འཁོད་ཡོད་ཅིང་།  ཚེ་རྣམ་ཀྱི་རྣམ་ཐར་ལས་ཞལ་སློབ་གཙོ་གྲས་སུ་འཁོད་ཡོད།  བློ་གྲོས་ཕུན་ཚོགས་ལ་ཆོས་སྐོར་དང་གསོ་རིག་སྐོར་བསྡུ་སྒྲིག་དང་གསར་རྩོམ་བྱས་པ་པོད་ཉེར་ལྔ་ཙམ་ཡོད།  དེ་ལྟར་སློབ་རྒྱུད་འདི་ལ་བོད་ལུགས་གསོ་རིག་གི་ཐུན་མིན་ཞལ་རྒྱུན་མང་དུ་བཞུགས་ཤིང་ལག་ལེན་མཐོང་བ་བརྒྱུད་པ་མ་ཉམས་པ་ཡོད།